༄༅། །མཁྱེན་ལྡན་རིག་པའི་གྲོགས་མཆེད་ལགས།
ང་ཚོས་འདི་ནས་ད་ལམ་ཐུགས་སྣང་ཅན་གྱི་ཞིབ་འཇུག་པ་ཚོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༧ པའི་ཚེས་ ༣ ནས་ ༡༠ བར་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་འཚོགས་ཐེངས་བཅུ་དྲུག་པའི་ཆེད་རང་གི་དཔྱད་རྩོམ་སྙིང་བསྡུས་དེ་གོང་འབུལ་ཞུ་བར་བརྡ་འབོད་གཏོང་བཞིན་ཡོད། འཚོགས་ཐེངས་འདི་ཉིད་ཆར་ལེ་སི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གནས་སློབ་གཉེར་སྡེ་ཚན་དང་ཅེག་ཚན་རིག་སློབ་གཉེར་ཁང་གི་ཤར་ཕྱོགས་རིག་པའི་སྡེ་ཚན་ཟུང་གིས་གོ་སྒྲིག་ཞུ་བཞིན་ཡོད།
འཚོགས་འདུའི་དེབ་སྐྱེལ་གྱི་ལས་རིམ་དེ་སྒོ་བཙུགས་ཡོད་པས། ད་ནས་བགྲོ་གླེང་ཚན་ཆུང་གི་འཆར་ཟིན་དང་སྒེར་གྱི་དཔྱད་རྩོམ་སྙིང་བསྡུས་རྣམས་གོང་འབུལ་ཞུ་ཆོག་པ་དང་། གོང་འབུལ་ཞུ་ཆོག་པའི་དུས་བཀག་བཅད་མཚམས་ནི་ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༩ པའི་ཚེས་ ༡༥ བར་དུ་ཡིན།
དེབ་སྐྱེལ་དེ་(Conftool)ཞེས་པའི་དྲ་རྒྱའི་མ་ལག་གིས་གོ་སྒྲིག་གནང་ཡོད་ཅིང་། མ་ལག་དེ་ཉིད་དབྱིན་ཡིག་དང་བོད་ཡིག་གཉིས་ཀའི་ཐོག་ཏུ་ཡོད། དཔྱད་རྩོམ་སྙིང་བསྡུས་དང་བགྲོ་གླེང་ཚན་ཆུང་གི་འཆར་ཟིན་གོང་འབུལ་ཞུ་བ་ལ།
༡༽ འདི་ནས་(Conftool)གྱི་ནང་དུ་ཐོ་ཁོངས་ས་དམིགས་ཤིག་བཟོས་གནང་རོགས།
༢༽ དཔྱད་རྩོམ་སྙིང་བསྡུས་དང་ཡང་ན་བགྲོ་གླེང་ཚན་ཆུང་གི་འཆར་ཟིན་གོང་འབུལ་གནང་རོགས།(ལམ་སྟོན་དགོས་མཁོ་བྱུང་ཚེ་ ༢༠༢༢ ལོའི་པ་རག་གི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་གི་དྲ་བྱང་ཐོག་དབྱིན་བོད་གཉིས་ཐོག་ནས་ཡོད།)
དབྱིན་ཡིག་དང་བོད་ཡིག་གང་རུང་བཀོལ་ནས་གོང་འབུལ་གྱི་འགེང་ཤོག་དེ་བཀང་གནང་རོགས།
ཁྱེད་ཀྱི་འཆར་ཟིན་དང་དཔྱད་རྩོམ་སྙིང་བསྡུས་དེ་ངོས་ལེན་བྱུང་བའི་སྐོར་གྱི་བརྡ་ལན་ནི་ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༡ པོའི་ཚེས་༣༡ འགྱངས་མེད་འབྱོར་ངེས་རེད། དེ་མཚམས་ཚོགས་འདུར་མཉམ་ཞུགས་ཆེད་མཐའ་མའི་དེབ་སྐྱེལ་མཇུག་སྐྱོང་ཡོང་བ་དང་། ཚོགས་དོད་གླ་རིན་འབུལ་ཕྱོགས་ལམ་སྟོན་ཡོང་གི་རེད།
སྔོན་རྩིས་བརྒྱབ་པའི་བགྲོ་གླེང་གི་ཚོགས་དོད་དམ་དེབ་སྐྱེལ་གྱི་གླ་རིན་ནི་ཅེག་སྒོར་༥༨༠༠(ཡུ་སྒོར་༢༣༠)ཡིན། དེའི་ཁོངས་སུ་ཚོགས་འདུ་ཧྲིལ་པོའི་རིང་གི་ཉིན་གུང་བཞེས་ལག་གི་དོད་ཀྱང་ཚུད་ཡོད། དེབ་སྐྱེལ་གྱི་གླ་རིན་དེའི་ཐོག །དོ་བདག་སོ་སོའི་འགྲིམ་འགྲུལ་དང་། བཞུགས་གནས་གོ་སྒྲིག དེ་བཞིན་མགྲོན་ཁང་གི་གླ་རིན་རྣམས་ཚོགས་ཞུགས་པ་རང་ངོས་ནས་ཐུགས་འགན་བཞེས་དགོས་པ་ཡིན། ང་ཚོས་བགྲོ་གླེང་འཚོགས་ཡུལ་གྱི་ཉེ་འཁྲིས་སུ་ཡོད་པའི་བཞུགས་གནས་མགྲོན་ཁང་ཁག་གི་ཐོ་གཞུང་ཞིག་ལོགས་སུ་མཁོ་སྤྲོད་གསལ་བསྒྲགས་ཞུ་ངེས་ཡིན། ཐོ་གཞུང་དེ་ཉིད་པ་རག་གི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་གི་དྲ་བྱང་ཐོག་ཏུའང་འཇོག་གི་རེད།
དཔལ་འབྱོར་གྱི་འཁོས་བབ་ཞན་པའི་ཞིབ་འཇུག་པ་དང་བོད་ནས་ཕེབས་པའི་ཞིབ་འཇུག་པ་རྣམས་གདམ་གཞིར་བཟུང་ནས་ཚོགས་དོད་མཐུན་འབྱོར་གྱི་གྲངས་ཚད་ཉུང་ངུ་ཞིག་ཀྱང་གྲ་སྒྲིག་ཡོད། ཡུལ་སྐོར་དང་གཞན་ཡང་རིག་གཞུང་འཁྲབ་སྟོན་ཡང་གོ་སྒྲིག་བྱ་ངེས་ཡིན་ཡང་དེའི་གླ་རིན་འཕར་མ་འབུལ་དགོས། རིག་གཞུང་འཁྲབ་སྟོན་གྱི་སྐོར་དེ་རྗེས་སུ་གསལ་བསྒྲགས་ཞུ་ངེས་ཡིན།
བགྲོ་གླེང་འཚོགས་ཡུལ་གཙོ་བོ་ནི་ཆར་ལེ་སི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གནས་སློབ་གཉེར་སྡེ་ཚན་གྱི་གཞུང་ལས་ཐོག་ཁང་གཙོ་བོ་(ཡ་ནཿཔ་ལ་ཁྷཿཐང་། ༢ པ་རག ༡)དེ་ཡིན།
ད་ལྟའི་ནད་ཡམས་ཀྱི་གནས་སྟངས་ལ་གཞིགས་ན་འཚོགས་ཡུལ་དང་འགྲིམ་འགྲུལ་ལ་འབྲེལ་བ་ཡོད་པའི་འགྱུར་བ་དང་དཀའ་ངལ་ཁག་གཅིག་འཕྲད་སྲིད་པར་ཤེས་ཚོར་ཡོང་གི་འདུག་པས། ང་ཚོས་གནས་སྟངས་ལ་ལ་བབས་ལྟ་བྱས་ཏེ་འགྲིམ་འགྲུལ་ལ་ཉེ་བར་མཁོ་བ་གནས་ཚུལ་འཕར་མའི་ཐོ་གཞུང་སྐབས་མཚམས་སོ་སོར་པ་རག་གི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་གི་དྲ་བྱང་ཐོག་ཏུ་ཁ་གསབ་བྱ་བར་འབད་རྩོལ་ཞུ་ངེས་ཡིན། དེ་ལྟར་ནའང་གནས་ཚུལ་འདིའི་སྐོར་རང་རང་དང་འབྲེལ་བའི་དབང་འཛིན་མི་སྣའི་བརྒྱུད་ནས་ངེས་བརྟན་བཟོ་དགོས་པའི་འགན་འཁྲི་དེ་ཚོགས་ཞུགས་པ་རང་ཉིད་ལ་ཡོད།
བཀའ་འདྲི་ཞུ་དགོས་པ་གང་ཞིག་མཆིས་ཚེ་ ༢༠༢༢ ལོར་པ་རག་གི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་བགྲོ་གླེང་གི་གློག་འཕྲིན་ཁ་བྱང་བརྒྱུད་ནས་ང་ཚོར་འབྲེལ་བ་གནང་རོགས།
པ་རག་ཏུ་མཇལ་ཡོང་།